༈ རྒྱ་ཆེའི་དད་ལྡན་མང་ཚོགས་ཡོངས་ལ་ཆེད་ཞུ།
འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་ཞི་བདེའི་དེད་དཔོན་ཆེན་པོ་༧དཔལ་རྒྱལ་དབང་ཀརྨ་པ་ཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་བདག་སོགས་བསྟན་འགྲོའི་དཔལ་མགོན་དུ་གསང་གསུམ་འཆི་མེད་ཚེ་འོད་དཔག་མེད་ཀྱི་ངོ་བོར་འཚོ་ཞིང་བཞུགས་ནས། བསྟན་པ་དང་འགྲོ་བའི་དོན་དུ་ཐུགས་བསྐྱེད་སྨོན་ལམ་གྱི་འཇུག་པའི་མཛད་བཟང་པདྨ་དཀར་པོའི་དྲི་བསུ་ཕྱོགས་ཀུན་འཐུལ་བའི་དགོས་དབང་ཁྱད་པར་ཅན་ལ་དམིགས་ཏེ།
འདི་ལོའི་ཕྱི་ཟླ་༡༢ པའི་ནང་གི་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་ཉིན་མཐའ་མའི་ནང་གི་ཕྱི་ཟླ་༡༢ པའི་ཚེས་༡༩-༢༢ བར་ཉིན་གསུམ་རིང་ཕྱོགས་མཐའ་ནས་ཕེབས་པའི་བླ་སྤྲུལ་མཁན་གསུམ་རྣམ་པ་དབུ་བཞུགས་ཐོག་འདུས་མང་ཡོངས་ནས་ཚེ་སྒྲུབ་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེའི་ཆོ་གའི་སྒོ་ནས་ཚེ་ཡི་ལྷ་མཆོག་གི་བསྙེན་སྒྲུབ་གནང་རྒྱུ་དང་། ཚེས་༢༢ གྱི་ཉིན་མོར་༧རྒྱལ་དབང་མཆོག་ལ་དགོན་སྡེ་ཁག་དང་། ཆོས་ཚོགས་ཁག ཚོགས་པ་ཁག་སོ་སོ་ནས་དངོས་གཞི་མནྜལ་སྐུ་གསུང་ཐུགས་རྟེན་འབུལ་རྒྱུའི་གོ་སྒྲིག་ཞུ་བཞིན་ཡོད་པས། སྐབས་དེ་དུས་བསོད་ནམས་གསོག་པའི་བགོ་སྐལ་ལ་ལོངས་སུ་སྤྱོད་འདོད་ཡོད་རིགས་མི་ཉུང་བས་འདི་གར་ཐོ་འགོད་འབྲེལ་བ་གནང་གྲུབ་ཡོད་ན་ཡང་། ད་དུང་ཡང་འགའ་ཤས་ཡོད་ཐོས་འདུག་པས་དེ་ལུགས་འདི་ག་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་གོ་སྒྲིག་ཚོགས་པའི་ལས་ཁང་དུ་གང་མགྱོགས་ཐོ་འགོད་འབྲེལ་བ་གནང་རོགས་ཞུ།
༢༠༡༧/༡༡/༡ ཉིན་བཀའ་བརྒྱུད་སྨོན་ལམ་གོ་སྒྲིག་ཚོགས་པས་ཕུལ།